སྙན་ངག

སྙན་ཚིག་གི་མཆོད་ཆང་འདི་ཁྱེད་ལ་སྐྱེས་སུ་འདེགས།

           ________ཕ་ཡུལ་གངས་ལྗོངས་དང་རིང་དུ་གྱེས་པའི་ཉེས་མེད་ཀྱི་ཚེ་སྲོག་དེ་དག་གི་ཆེད་དུ།

                                ༡                     འབྲུག་འབུམ།

མགོ་བརྩམས་མ་ཐག་ནས་འུ་ཅག་ནི་རྨུ་ཐག་གཅིག་ལ་འབྲེལ་བའི
ཁ་ཆར་དང་བུ་ཡུག་གིས་ཟད་ལ་ཉེ་བའི་དར་ལྕེ་ཟད་པོ་དེ་དག་རེད་འང
ཁ་དོག་ཡོངས་སུ་བྲལ་བའི་ལོ་རྒྱུས་ཀྱི་དཀྱིལ་འཁོར་དབུས་སུ
རང་གི་ཉམས་ཆུང་བའི་ཚེ་སྲོག་གི་དབུགས་དབྱུང་ཐ་མ
མར་མེ་ཡི་གཟུགས་སུ་ ས་སྒང་རིལ་མོ་འདིའི་ཆེས་སྤྱི་སྙིང་སུ
ལོ་ཏོག་བཞིན་ཡོངས་སུ་བཏབ

ཁྱེད་ཀྱི་ཚེམས་ཕྲེང་གི་བར་ནས་ལྷུང་བའི་རེ་སྨོན་སྣ་ཚོགས
སུ་ཞིག་གི་མིག་ཆུ་དང་མཉམ་དུ་གང་ལ་ལྷུང་
དུང་ཞེན་རྨས་མ་ཁུར་བའི་ཡུལ་གྱར་བ་དང  གནས་སྡོད་པ
ཆེས་མཐའ་མཇུག་གི་གནས་མལ་ལ་ངེས་བ་མེད་པའི་གོ་ལ་འདིའི་ཚེ་སྲོག་ལྷག་མ
འུ་ཚོའི་བར་ན་ཤ་ཁྲག་གི་མདུད་པ་ཡོད
མཐའ་ན་གནས་ལུགས་ཀྱིས་ཀྱང་གཏོར་དུ་མེད་པའི་མདུད་པ་སྲ་མོ་ཡོད

ཚིག་དྲུག་གི་དབྱངས་ལྟའི་རྒྱུན་ཐག     ཁ་བའི་ཞབས་རྗེས་ལྟར
ཉི་འོད་ཀྱི་འཁོར་འགྱུའི་བར་ན       ཉག་ཕྲ་བའི་ཚེ་སྲོག་ཞིག
རི་རབ་དང་གཙང་བོ  ལོ་རྒྱུས་ཀྱི་ངོ་གདོང་ན་ད་དུང
ལྷུབ་ལྷུབ་དུ་བསྐྱོད་པའི་ལ་ཁའི་དར་ལྕོག
སུ་ཀྱང་སྡོམ་ཚིག་འགོད་དུ་མེད་པའི་ཚེ་སྲོག་ཙམ་པོ་བ
2013ལོའི་ཟླ 2ཚེས 11​གཟའ་ཟླ་བ།

1044367_606202506080257_2047963860_n

རྔོན་པ་ཁྱུ་ཞིག

འུ་ཅག   ཉི་ཟླའི་ར་བར་ནས་ཆས་འོང་དུས
དབྱར་ལྗོངས་ལྟ་བའི་མཛེས་སྡུག་གི་བསུ་མ་མེད་ལ
དྲོད་ཁོལ་མཛོམས་པའི་ཕྱག་ཟུང་གི་བསྐྱེལ་མ་འང་གང་ན་ཡོད
འུ་ཚོས     རི་རབ་དང་གཙང་བོ་བརྒལ་དུས
སྐྱོ་བའི་མིག་ཆུ་སྟོད་ཀྱི་གངས་ལ་འདྲེས་ཤིང
སྟོད་ཀྱི་གངས་ལས་གཏམ་རྒྱུད་ཆུ་མོར་བབས

དུས་རབས་ཀྱི་དཀྱོགས་མཚམས་སུ་
ང་ཚོའི་གཤོག་རྩེ་ལ་ཕམ་ཉེས་ཀྱི་ཆག་གྲུམ་ཤོར
འོན་ཀྱང་  འུ་ཅག་ལ་དབང་བའི་མཁའ་དབྱིངས
ནམ་ཡང་དགོད་སྒྲ་དང་བརྩེ་དུང་གིས་ཕྱུག་ཅིང
རེ་བ་དང་སྤོབས་པའི་གཏུམས་ཡོད

216752_240916929275485_2510923_n

ངའི བཤད་འཕྲོར་ལུས་བའི

གང་ལྟར་ ངས་བཤད་འཕྲོར་ལུས་བ་མཐའ་དག
སུ་ལའང་   བརྗོད་མི་འདོད
བརྗོད་མི་འདོད་པས་   ངས་འདི་དག་ཐམས་ཅད
གད་སྙིགས་གི་ནང་དུ་ཕེན་དགོས་བྱུང
ངས་འདི་དག་     གད་སྙིགས་གི་ནང་དུ་འཕེན་དུས་
ཁྱེད་རང་མི་འདུག      ཁྱེད་རང་དྲ་ཐོག་ནས་ཕེབས་ཟིན

འུ་གཉིས་གྱི་བར་ན་རི་ཆུ་སྟོང་ཕྲག་གི་བར་ཐག་ཡོད་པ་ལོས་བདེན
འུ་གཉིས་ཀྱི་བར་ན་རྣམ་རྟོག་གི་སྒོ་ཡོལ་ནག་པོ་ཞིག་ཡོད་པའང་ངོ་མ་རེད
སུའི་ཀྱང་དེང་ལེན་བྱེད་མི་འདོད་པ་ནི་ལྐོག་གྱུར་དང་ཐེ་ཚོམ་རེད
སུའི་ཀྱང་དེང་ལེན་བྱེད་མི་ཐུབ་པའང་ལྐོག་གཡོ་དང་བསླུ་བྲིད་རེད
མི་རྣམས་དུངས་སེམས་དང་བརྩེ་དུང་གིས་ཞུགས་པའི་ཕྱིར
འདི་ལྟ་བུའི་ཆོས་ཉིད་རྫུན་མ་ཞིག་ལ་ཁྱེད་ཀྱི་ཇི་ལྟར་དེང་ལེན་བྱེད་ཐུབ
ཁྱེད་ཀྱི་འདི་དག་དེང་ལེན་བྱེད་མི་ཐུབ་པ་ང་ལ་ཡིད་ཆེས་ཡོད
ཁྱེད་ཀྱི་འདི་ལྟ་བའི་ལས་བྱ་བློ་བུར་བ་ཞིག་ལ་ལགས་སོ་ཟེར་མི་ཐུབ་འང་ངས་ཤེས་ཡོད

ངས་ནི་ཚན་རིག་པ་ག་གེ་མོ་ཞིག་ལྟར་སེམས་བྱུང་གི་ཆོས་ཉིད་འདི་ལ་སྡོམ་ཚིག་འགོད་མི་འདོད
ངས་ནི་སྤྲུལ་སྐུ་ག་གེ་མོ་ཞིག་ལྟར་འབྱུར་འགྱུར་གྱི་འཚོ་བ་འདི་ལ་ཕྱག་ཕྲེང་སྐོར་མི་འདོད
ང་ནི་སྒྱུར་རྩལ་པ་ག་གེ་མོ་ཞིག་ལྟར་འཁྲབ་སྟོན་བཅོས་མ་ཞིག་ཀྱང་འཁྲབ་མི་འདོད

སྐབས་དོན་གྱི་འཚོ་བ་    ང་ཡི་ཡིན་ལ་ཁྱེད་ཀྱི་ཡིན
བརྩེ་མཐུན་ཀྱི་དར་སྐུད    ཁྱེད་ཀྱིས་འཐེན་ཆོག་ལ་ང་ཡིས་ཀྱང་འཐེན་ཆོག
བརྩེ་སེམས་ཀྱི་གླུ་གཞས    ཁྱེད་ཀྱིས་བཏང་ཆོག་ལ་ང་ཡིས་ཀྱང་བླངས་ཆོག
བརྩེ་དུང་གི་བདུད་རྩི་     ཁྱེད་ཀྱིས་མཆོད་ཆང་གནང་ཆོག་ལ་ང་ཡིས་ཀྱང་ཆོག
ཕྱི་ཐག་དང་འཁྲེལ་གཞུང    གྱེན་དུ་ཕྱོགས་ན་གངས་རི་འདྲ་ལ
ཐུར་དུ་བབས་ན་མཚོ་མོ་འདྲ

མཚན་དགོང་འདིར   ཁྱེད་གྱི་ལོག་ཕེབས་ལ་རེ་སྒུག་བྱས་ཡོད
ང་ཡི་བློ་སྙིང་བྲང་གསུམ  མཚན་མོ་འདིའི་ཁ་གཏད་དུ་འགྲེང་རྗེས
ངས་ད་གཟོད

འདི་དག་ནི་འུ་གཉིས་ཀྱིས་བརྗོད་ཟིན་པའི་སྐད་ཆའི་ལྷག་མ་ཡིན་པ་རྟོགས་ལ
འདི་དག་ལ་བལྟ་མཁན་ཡོད་མེད་ལའང་ཐེ་ཚོམ་བློ་བུར་བ་ཞིག་ངང་གིས་སྐྱེས

ཀྱེ་ཀྱེ  ང་ཡི་སྙིང
ཀྱེ་ཀྱེ  ང་ཡི་སེམས།

Advertisements

Leave a Reply

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

w

Connecting to %s